ལྔ་ལྡན་རྟོགས་མགུར་གྱི་ངོ་སྤྲོད།
DRIKUNG TV
0:00 / 0:00
ལྔ་ལྡན་རྟོགས་མགུར་གྱི་ངོ་སྤྲོད།
338 просмотров · 1 год назад
DRIKUNG TV
2,46 тыс. подписчиков
338 просмотров · 1 год назад
༈ལྔ་ལྡན་རྟོགས་མགུར་གྱི་ངོ་སྤྲོད།
དབང༌། འབྲི་ལུགས་ཕྱག་ཆེན་ལྔ་ལྡན་གྱི་གཏོར་དབང་ཡིད་བཞིན་ནོར་བུ།
གནང་བ་པོ། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ྋསྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག
ཟླ་ཚེས། ཕྱི་ལོ་༢༠༢༤ཟླ་༡༡ཚེས་༠༥ཉིན།
ཉིན་དེར་ྋསྐྱབས་མགོན་ཡིད་བཞིན་ནོར་བུས་ལྔ་ལྡན་རྟོགས་མགུར་གྱི་གནད་དོན་གསུངས་པ།
དང་པོ། སྔོན་འགྲོ། ྋསྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས།
‘‘བྱམས་དང་སྙིང་རྗེའི་རྟ་ཕོ་ལ། །གཞན་ཕན་གྱི་དཀྱུས་ཐོག་མ་བཅད་ན། །
ཁྲོམ་ལྷ་མིའི་འོར་ཆེ་མི་འབྱུང་བས། །སེམས་སྔོན་འགྲོ་འདི་ལ་ནན་ཏན་མཛོད། །’’
ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་དང་པོ་ནི་སྔོན་འགྲོ་སྟེ། དེ་ཡང་བྱམས་པ་དང༌། སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཡིན། འཇིག་རྟེན་གསུམ་མགོན་གྱིས་སྙན་ངག་གི་སྒོ་ནས་མགུར་བཞེས་ཏེ། དེ་ཡང་གཟུགས་ཅན་གྱི་རྒྱན་ཡིན། བྱམས་པ་དང་སྙིང་རྗེ་ནི་རྟ་དང་འདྲ་ཞིང༌། རྟ་རྒྱུག་སྟེ་བྱང་ཆུབ་ཀྱི་སེམས་ཀྱིས་དཀྱུས་ཐོག་བཅད་པ་སྟེ་རྒྱལ་ཁ་ཐོབ་དགོས། གལ་ཏེ་དེ་ལྟར་མ་བྱུང་ན་ཁྲོམ་པ་ལྷ་མིའི་དགའ་བསུ་དང་བསྔགས་བརྗོད་མི་འབྱུང་བས། སྔོན་འགྲོའི་ཉམས་ལེན་ཨང་དང་པོ་དེ་བྱང་ཆུབ་ཀྱི་སེམས་ཡིན། དེ་ལ་འབད་དགོས་པ་གལ་ཆེ་བར་བསྟན། སྐབས་འདིར་གནད་དོན་སྙིང་པོ་གསུམ་གསུངས་ཏེ། བྱམས་པ་དང༌། སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཡིན། མགོན་པོ་ཕག་མོ་གྲུ་པས། བྱམས་པ་ནི་ས་གཞི་དང་འདྲ་ལ། སྙིང་རྗེ་ནི་ཆུ་ལུད་དང་འདྲ་བས། དེ་གཉིས་འཛོམས་ན་བྱང་ཆུབ་ཀྱི་ལྗོན་ཤིང་རྒྱས་པར་འགྱུར། བྱང་ཆུབ་སེམས་ཀྱི་སྡོང་པོ་བསྲུངས་ན། རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་སྟེ་སངས་རྒྱས་སྐུ་གསུམ་གྱི་འབྲས་བུ་འཐོབ་པར་འགྱུར། སངས་རྒྱས་སྐུ་གསུམ་གྱི་འབྲས་བུ་འཐོབ་པར་འདོད་ན། མེད་དུ་མི་རུང་བའི་ས་བོན་ནི་བྱང་ཆུབ་ཀྱི་སེམས་ཡིན། བྱང་ཆུབ་ཀྱི་སེམས་ཡང་དག་པ་སྐྱེ་བར་འདོད་ན། བྱམས་པ་དང་སྙིང་རྗེར་སྦྱོང་དགོས་སོ། །
གཉིས་པ། ཡི་དམ་གྱི་ལྷ་བསྒོམ་པ།
‘‘རང་ལུས་ལྷ་སྐུའི་རྒྱལ་པོ་ལ། །གཞི་འགྱུར་མེད་ཀྱི་བརྟན་ས་མ་ཟིན་ན། །
མ་མཁའ་འགྲོའི་འཁོར་འབངས་མི་འདུ་བས། །ལུས་ཡི་དམ་ལྷ་ལ་ནན་ཏན་མཛོད། །’’
དཔེར་ན་རྒྱལ་ཁབ་ཀྱི་རྒྱལ་པོས་རྒྱལ་སྲིད་བརྟན་པོར་མ་བཟུང་ན། བཙུན་མོ་དང་བློན་འབངས་ཀྱི་བྱ་བ་མི་འགྲུབ་པ་བཞིན། གསང་སྔགས་རྡོ་རྗེ་ཐེག་པའི་ཉམས་ལེན་དུ་ཡི་དམ་གྱི་ལྷ་བརྟན་པོར་བཟུང་དགོས། ཡི་དམ་གྱི་ལྷ་རྣམ་པ་ཙམ་བསླབས་པས་མི་ཆོག་པར། རང་གི་བདག་འཛིན་མ་རིག་པ་དེ་ཡི་དམ་དུ་བསྒྱུར་དགོས། དེར་མ་ཟད། ཡི་དམ་གྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་རང་ལ་ལྡན་པའི་ང་རྒྱལ་བརྟན་པོ་ཞིག་འབྱུང་ན། ཡི་དམ་གྱི་ལྷའི་བརྟན་ས་ཟིན་ཏེ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར་རོ། །
གསུམ་པ། བླ་མའི་རྣལ་འབྱོར་བསྒོམ་པ།
‘‘བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །
བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །’’
བླ་མ་སྐུ་བཞི་སྟེ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་སྐུ་རྣམས་གངས་རི་དང་འདྲ་ཞིང༌། རང་གི་མོས་གུས་ཀྱི་དད་པ་ནི་ཉི་མ་དང་འདྲའོ། །ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པས། གངས་རི་ལ་ཉི་མ་མ་ཕོག་ན་ཆུ་རྒྱུན་མི་འབྱུང་བ་བཞིན། བླ་མར་མོས་གུས་མ་སྐྱེས་ན་བྱིན་རླབས་མི་འབྱུང་བས། མོས་གུས་ལ་འབད་པར་བྱའོ། །ཞེས་གསུངས་སོ། །
བཞི་པ། ཕྱག་རྒྱ་ཆེན་པོ་བསྒོམ་པ།
‘‘སེམས་ཉིད་ཀྱི་ནམ་མཁའ་ཡངས་པ་ལ། །རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། །
མཁྱེན་གཉིས་ཀྱི་གཟའ་སྐར་མི་བཀྲ་བས། །སེམས་མི་རྟོག་འདི་ལ་ནན་ཏན་མཛོད། །’’
སེམས་ཀྱི་དེ་ཁོ་ན་ཉིད་ནི་དྲི་མ་མེད་པའི་ནམ་མཁའ་གཡའ་དག་པ་ལྟ་བུ་ཡིན། རྣམ་རྟོག་སྣ་ཚོགས་ཀྱིས་སྤྲིན་ཚོགས་ལྟར་བཀབ་ན། ནམ་མཁའ་དྭངས་པ་མི་མཐོང་བ་བཞིན། རྣམ་རྟོག་གི་སྤྲིན་ཚོགས་མ་དེངས་ན། ཇི་ལྟ་བ་དང་ཇི་སྙེད་པའི་མཁྱེན་པའི་ཡེ་ཤེས་ཀྱི་གཟའ་སྐར་མི་མཐོང་བས། སེམས་རྣམ་རྟོག་མེད་པའི་ཉམས་ལེན་ལ་འབད་པར་བྱའོ། །
ལྔ་པ། མཇུག་བསྔོ་བ།
‘‘ཚོགས་གཉིས་ཀྱི་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །
དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །’’
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ། སྨོན་ལམ་གྱིས་བྱི་དོར་མ་བྱས་ན་དགེ་བའི་འབྲས་བུ་སྨིན་ནས་མྱུར་དུ་རྫོགས་པར་འགྱུར། འོན་ཀྱང་སྨོན་ལམ་གྱི་བྱི་དོར་བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ན། སྤྱོད་འཇུག་ལས་གསུངས་པ་ལྟར། གཉིད་ལོག་པའི་དུས་སུའང་བསོད་ནམས་དེ་སངས་རྒྱས་མ་ཐོབ་བར་དུ་འཕེལ་བར་འགྱུར་བས། དགོས་འདོད་ཀྱི་འབྲས་བུ་འབྱུང་བར་འདོད་ན་རྗེས་བསྔོ་བས་རྒྱས་གདབ་པ་གལ་ཆེའོ། །ཞེས་གསུངས་སོ།། །།
ཡིག་ཕབ། གླེ་མི་དཀོན་མཆོག་རྒྱལ་མཚན།
པར་པ། འབྲི་གུང་འབར་རྒྱལ་དཀོན་མཆོག་བསྟན་འཛིན།